◐ Shell
reader mode source ↗
Jump to content
Wikipedia ལས།
ཀོ་བཱན་ཁྲོམ་ཚོགས་ཀྱི་འཆམ།

༉ ཀོ་བཱན་འདི་ གུ་ཝ་ཊི་མ་ལ་གི་བྱང་ཕྱོགས་དབུས་ཕྱོགས་ལུ་ཆགས་ཏེ་ཡོད་མི་ གལ་གནད་ཅན་གྱི་ཁྲོམ་ཚོགས་ཅིག་ཨིནམ་དང་ འདི་གིས་ ཨཱལ་ཊ་ཝེ་ར་པ་ཟི་ལས་ཁུངས་ཀྱི་ལྟེ་བ་ཅིག་ཨིན། ཀོ་བཱན་འདི་ ས་ཁ་མཐོ་ས་གི་ས་ཁོངས་ནང་ལུ་ཆགས་ཏེ་ཡོད་པའི་ཁར་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ མི་རློབས་མ་འདྲཝ་ དེ་ལས་ རང་བཞིན་གྱི་ས་ཆའི་གནས་སྟངས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། ཁྲོམ་འདི་ རྒྱལ་རབས་ཀྱི་གལ་གནད་དང་ དེང་སང་གི་གོང་འཕེལ་ཚུ་ སླ་བསྲེ་རྐྱབ་སྟེ་ ཁག་ཆེ་བའི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ཨིན།

ཀོ་བཱན་ས་ཆ་གི་མཐོང་སྣང་།

ཀོ་བཱན་གྱི་ ཁྲོམ་སྡེ་མི་འབོར་ (༢༠༡༩-༢༠༢༥) གིས་ ས་ཁོངས་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞིམ་ ༢,༢༦༧ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༣ ལུ་ ཁྲོམ་སྡེའི་མི་རློབས་འདི་ ༢༧༦,༩༧༣ ལྷོད་ཡོདཔ་ལས་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ ཡར་འཕར་སྦོམ་སྦེ་ར་བྱུང་ཡོདཔ་སྦེ་ཨིན་མས། མི་འབོར་ཞིབ་རྩིས་ཀྱི་བགོ་བཀྲམ་འདི་ ཧ་ལམ་འདྲ་མཉམ་སྦེ་ཡོདཔ་དང་ ཕོ་སྐྱེས་བརྒྱ་ཆ་ ༥༠.༢ དང་ ཨམ་སྲུ་བརྒྱ་ཆ་ ༤༩.༨ ཡོདཔ་ཨིན་མས། ལོ་ཚད་བར་མ་འདི་ ལོ་ ༡༨.༦ ཨིནམ་ལས་ མི་རློབས་ན་གཞོན་ཅིག་ཨིན་པའི་རྟགས་སྟོནམ་ཨིན་ཟེར་བཀོད་དེ་འདུག། ཀོ་བཱན་གྱི་མི་རློབས་འདི་ མང་ཤོས་ཅིག་ར་ ས་གནས་ཀྱི་མི་ཚུ་ཨིནམ་དང་ ཅེག་ཅི་མ་ཡ་འདི་ ཡོངས་གྲགས་ཅན་གྱི་སྡེ་ཚན་ཅིག་ཨིན་མས། ཁྲོམ་ཚོགས་འདི་གི་ལམ་སྲོལ་འདི་ ས་གནས་ཀྱི་ལམ་སྲོལ་དང་ ལ་ཌི་ནོ་ (ཡུ་རོབ་དང་ས་གནས་ཀྱི་རིགས་བརྒྱུད་སླ་) གི་ཤན་ཞུགས་ལུ་བརྟེན་ཕྱུགཔོ་འགྱོ་ནུག། འདི་བཟུམ་གྱི་སྣ་མང་འདི་ ཁྲོམ་གྱི་སྐད་ཡིག་དང་ལམ་སྲོལ་ དེ་ལས་ མི་སྡེའི་སྤྱོད་ལམ་ཚུ་ནང་ལས་ མངོན་གསལ་ཅན་སྦེ་མཐོངམ་ཨིན།

སྤྱི་ལོ་ ༡༥༣༨ དེ་ཅིག་ཁར་ སྔོན་ལུགས་མ་ཡ་གི་གྱང་ཁོག་ཚུ་གི་ཉེ་འདབས་ལུ་གཞི་བཙུགས་འབད་མི་ ཀོ་བཱན་འདི་ ས་གནས་ཀྱི་འགོ་དཔོན་ ཀོ་བཱཝ་གི་མིང་ལས་རྟ་དྲང་སྟེ་བཏགས་ནུག། ཁྲོམ་འདི་ བྱང་ཕྱོགས་གུ་ཝ་ཊི་མ་ལ་ལུ་ ཁྲོམ་ཚོགས་ལྟེ་བ་གཙོ་བོ་ཅིག་སྦེ་ གོང་འཕེལ་འགྱོ་ནུག། དུས་རབས་ ༡༩ པའི་མཇུག་བསྡུ་ཁམས་ཅིག་ཁར་ ཇར་མ་ནི་གི་གཞི་ཆགས་མི་ཚུ་གིས་ གལ་གནད་ཅན་གྱི་གནས་སྟངས་གཞི་བཙུགས་འབད་དེ་ ཀཱ་ཕི་འཛུགས་སྐྱོང་འབད་དེ་ ལུང་ཕྱོགས་ཀྱི་དཔལ་འབྱོར་དང་ལམ་སྲོལ་ལུ་ ཤན་ཞུགས་འབད་ནུག། ཀོ་བཱན་འདི་ ཆ་མ་རི་རྒྱུད་ཀྱི་མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༡༣༢༠ དེ་ཅིག་ཁར་ཆགས་ཡོདཔ་ལས་  མཐོ་ཚད་མཐོ་བའི་གནམ་གཤིས་འདི་ ཚ་དྲོད་ཆེ་བའི་ས་ཁོངས་ནང་ལུ་ མཐོང་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ལོ་བསྟར་ཆ་སྙོམས་ ཆརཔ་ ༣༠༥༢ མི་ལི་མི་ཊར་ (ཨིན་ཅི་༡༢༠.༢) རྐྱབ་དོ་ཡོདཔ་དང་ ལོ་གཅིག་གི་ནང་ དྲོད་ཚད་འདི་ སྤྱིར་བཏང་ལུ་ ༡༢°C ལས་ ༢༨°C ཚུན་ (༥༤°F ལས་ ༨༣°F) ཚུན་འོངམ་ཨིན། (གནམ་གཤིས་གནས་སྡུད། ༢༠༢༥ ) ཟེར་བཀོད་ནུག། ཀོ་བཱན་ལུ་འོང་ནི་གི་དུས་ཚོད་ལེགས་ཤོམ་འདི་ སྤྱི་ཟླ་ ༡༡ པའི་མཇུག་ལས་ སྤྱི་ཟླ་ ༤ པའི་མཇུག་ཚུན་ཚོད་ སྐམ་པའི་དུས་ཚོད་ཨིནམ་ལས་ དུས་ཚོད་འདི་ནང་ གནམ་གཤིས་འདི་ ཉིམ་ཡང་རན་ཏོག་ཏོ་དང་ ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་དང་ ཁྲོམ་གྱི་མཐོང་སྣང་ཚུ་ལྟ་བསྐོར་འབད་ནི་དང་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ ལེགས་ཤོམ་ཡོདཔ་ཨིན་ཟེར་བཀོད་དེ་འདུག།[]

ཀོ་བཱན་གྱིས་ ཨཱལ་ཊ་ཝེ་ར་པ་ཟི་ལས་ཁུངས་ཀྱི་ཁྲོམ་སྡེ་ལྟེ་བ་ཅིག་སྦེ་ལཱ་འབད་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ ས་ཁོངས་དང་ མི་སྡེ་མ་འདྲཝ་ཚུ་ནང་ དབྱེ་བ་ཕྱེས་ཏེ་ཡོདཔ་དང་ ས་ཁོངས་རེ་རེ་ལུ་ ཁྱད་ཆོས་མ་འདྲཝ་དང་ ས་གནས་གཞུང་གི་གཞི་བཀོད་ཚུ་ཡོདཔ་ཨིན། སྡེ་ཚན་འདི་ཚུ་གིས་ བདག་སྐྱོང་འཛིན་སྐྱོང་དང་ མི་མང་ཞབས་ཏོག་ཚུ་བྱིན་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་མས། ཨཱལ་ཊ་ཝེ་ར་པ་ཟི་གི་རྒྱལ་ས་ལྟེ་བ་ཅིག་འབདཝ་ལས་ ཀོ་བཱན་གྱིས་ ལུང་ཕྱོགས་གཞུང་སྐྱོང་ནང་ འགན་ཁུར་གཙོ་བོ་འབག་དོ་ཡོདཔ་དང་ ཁྲོམ་སྡེ་གཞུང་གིས་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་དང་ མི་མང་ཞབས་ཏོག་ དེ་ལས་ མི་སྡེའི་མཐའ་དོན་ལས་རིམ་ཚུ་བརྩིས་ཏེ་ ས་གནས་ཀྱི་བདག་སྐྱོང་ཚུ་ འགན་ཁུར་འབག་དགོཔ་ཨིན་པས། ལུང་ཕྱོགས་འདི་ནང་ལུ་ སྲིད་དོན་གྱི་གནས་སྟངས་འདི་ རྒྱལ་ཡོངས་ཀྱི་སྲིད་བྱུས་དང་ ས་གནས་ཀྱི་མི་ཁུངས་འགོ་ཁྲིདཔ་གཉིས་ཆ་ར་གིས་ ཤན་ཞུགས་འབདཝ་ཨིན་མས།

གུ་ཝ་ཊི་མ་ལ་གི་གཞུང་འབྲེལ་སྐད་ཡིག་ཨིསི་པེ་ནིཤ་སྐད་ཡིག་འདི་ ཀོ་བཱན་ལུ་ ཁྱབ་ཆེཝ་སྦེ་སླབ་ཨིན། ཨིན་རུང་ ཁེག་ཆི་སྐད་ཡིག་འདི་ དམིགས་བསལ་གྱིས་ ས་གནས་ཀྱི་མི་རློབས་ཚུ་གི་ནང་འཁོད་ལུ་ ཁག་ཆེ་ཤོས་ཅིག་ཨིན་མས། སྐད་ཡིག་གཉིས་ལྡན་འདི་ ཡོངས་གྲགས་ཅན་ཅིག་ཨིནམ་ལས་ དེ་ཁར་སྡོད་མི་མང་ཤོས་ཅིག་གིས་ ཨིསི་པེ་ནིཤ་དང་ ཁེག་ཆི་གཉིས་ཆ་ར་ ལེགས་ཤོམ་སྦེ་ར་ཤེས་ཚུགས་དོ་ཡོདཔ་ཨིན་མས། ཀོ་བཱན་གྱི་ལམ་སྲོལ་འདི་ ས་གནས་ཀྱི་མི་དང་ དབང་འོག་བཙུགས་མི་ཚུ་གི་ཤན་ཞུགས་སླ་བསྲེ་རྐྱབ་མི་ཅིག་ཨིན་མས། ར་བིན་ཨ་ཇའུ་བཟུམ་གྱི་ རང་ལུགས་དུས་སྟོན་ཚུ་གིས་ ས་གནས་ཀྱི་སྲོལ་ཁྱུན་ཚུ་ བརྩི་སྲུང་འབདཝ་མ་ཚད་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ མཛད་སྒོ་ཚུ་ཡང་ འབྲེལ་གཏོགས་འབདཝ་ཨིན་མས། ཐགས་འཐག་ནི་དང་ རྫ་ཆས་ཚུ་རྩིས་ཏེ་ ལག་བཟོ་ཚུ་ ས་གནས་ཀྱི་དཔལ་འབྱོར་དང་ ལམ་སྲོལ་གྱི་བརྡ་སྟོན་ནང་ གལ་ཆེ་ཤོས་ཅིག་ཨིན་པས།

རྐང་རྩེད་འདི་ ཀོ་བཱན་ལུ་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཅིག་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ཚུ་གིས་ རྒྱལ་ཡོངས་རྩེད་འགྲན་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ནང་ རྩེད་རིགས་ཀྱི་ལས་རིམ་དང་ འགྲན་བསྡུར་མ་འདྲཝ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ མི་སྡེ་འབྲེལ་གཏོགས་དང་ ན་གཞོན་ཚུ་གིས་ རྩེད་རིགས་ནང་ བཅའ་མར་གཏོགས་བཅུག་དོ་ཡོདཔ་ཨིན་མས། ཀོ་བཱན་གྱིས་བཟའ་འཐུང་འདི་གིས་ ལམ་སྲོལ་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིནམ་དང་ འདི་ནང་ལུ་ ཨིས་པེ་ནིཤི་གི་ཤན་ཞུགས་ཡོད་པའི་ གླ་ཆ་དང་གཅིག་ཁར་ རང་ལུགས་ཀྱི་ མ་ཡན་གྱི་ཟ་འཐུང་ཚུ་ཡང་ཡོདཔ་ཨིན། ཟས་རིགས་གཙོ་བོ་ཚུ་ཡང་ གེ་ཟ་དང་ སྲནམ་ཅུམ་ དེ་ལས་ ཚལ་ལུ་ཚུ་ཨིན། ས་གནས་ཀྱི་དམིགས་བསལ་གྱི་ཟས་རིགས་ཚུ་ནང་ འཕྲལ་འཕྲལ་ར་ ལུང་ཕྱོགས་ཀྱི་རྒྱུ་ཆ་དང་ བཞེས་སྒོ་འབད་ཐངས་ཚུ་ མི་རབས་ལས་མི་རབས་ཚུན་ཚོད་བཙུགསཔ་ཨིན་མས། []

ཀོ་བཱན་གྱི་དཔལ་འབྱོར་འདི་ ངོ་མ་ར་ སོ་ནམ་ལུ་གཞི་བཞག་སྟེ་ཨིནམ་དང་ འདི་ནང་ ཀཱ་ཕི་དང་ཨ་ལཱན་ཅི་ཐོན་སྐྱེད་འདི་གིས་ གལ་ཅན་གྱི་ཕན་ཐོགས་བྱུང་དོ་ཡོདཔ་ཨིན། དབུས་ཨ་མི་རི་ཀའི་ས་ཡོམ། (༢༠༢༥) གིས་ ཀཱ་ཕི་འདི་ དུས་རབས་ ༡༩ པའི་མཇུག་བསྡུ་ཁམས་ཅིག་ཁར་ ཇར་མ་ནི་གི་གཞི་ཆགས་མི་ཚུ་གིས་ འགོ་བཙུགས་ཡོདཔ་ལས་ ཀཱ་ཕི་འཛུགས་སྐྱོང་འདི་ དཔལ་འབྱོར་གྱི་ གལ་གནད་ཅན་གྱི་ཐོན་ཁུངས་ཅིག་ལུ་གྱུར་ཡོདཔ་ཨིན། ལུང་ཕྱོགས་འདི་ནང་ སྤུས་ཚད་ཅན་གྱི་ཀཱ་ཕིའི་སོན་ཚུ་ འཛམ་གླིང་ནང་ ཕྱིར་ཚོང་འཐབ་དོ་ཡོདཔ་ལས་ ས་གནས་ཀྱི་ལཱ་གཡོག་དང་ འོང་འབབ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་ཟེར་བཀོད་ནུག། དེ་ལས་ ཝི་ཀི་པི་ཌི་ཡ་ (༢༠༢༥) གིས་ གུ་ཝ་ཊི་མ་ལ་རྒྱལ་ཁབ་འདི་ འཛམ་གླིང་ནང་ ཨ་ལཱན་ཅི་ཐོན་སྐྱེད་དང་ ཕྱིར་ཚོང་འཐབ་མི་ གཙོ་བོ་ཅིག་ཨིནམ་དང་ ཀོ་བཱན་དང་ མཐའ་འཁོར་གྱི་ས་གནས་ ཧུའེ་ཧུའེ་ཏེན་གོ་དང་ ཀུའི་ཆི་ཚུ་འཛུགས་སྐྱོང་འབད་སའི་ ལྟེ་བ་ཅིག་ཨིན་པས། སྤྱི་ལོ་ ༢༠༡༧ ལུ་ ཨ་ལཱན་ཅི་ཕྱིར་ཚོང་འདི་ ཧ་ལམ་ ཡུ་ཨེས་དྲོ་ལར་ས་ཡ་ ༣༦༧ དེ་ཅིག་ལུ་ལྷོད་ཡོདཔ་དང་ དེ་ནང་ སོ་ནམ་པ་ཆུང་བ་ ༣༠༠,༠༠༠ ལྷགཔ་ཅིག་འབྲེལ་གཏོགས་འབད་ཡོདཔ་ཨིན་ཟེར་བཀོད་ནུག། དེ་མ་ཚད་ སོ་ནམ་གྱི་ལཱ་གཞན་ཚུ་ཡང་ བྱ་གསོ་སྐྱོང་དང་ གེ་ཟ་དང་ ཚོད་བསྲེ་གི་ལཱ་ཚུ་ གཙོ་བོ་ར་ ནང་འཁོད་བཟའ་སྤྱོད་འབད་ནིའི་དོན་ལུ་ཨིན་པས།[]

ཀོ་བཱན་གྱིས་ ཨཱལ་ཊ་ཝེ་ར་པ་ཟི་ལུ་ ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། འདི་ཡང་ ཁྲོམ་སྡེ་གིས་ ཅ་ཆས་མ་འདྲཝ་ ཚོང་ཆས་དང་ གོ་ལ་ སྨན་རིགས་ རྒྱན་ཆ་ དེ་ལས་ སྣུམ་རླངས་ཚུ་གཙོ་བོ་ ཀུའེ་ཊི་ན་གོ་དང་ གུ་ཝ་ཊི་མ་ལ་ཁྲོམ་ལས་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས། དེ་ལས་ ཀཱ་ཕི་དང་ ཨ་ལཱན་ཅི་ལས་ལྷག་སྟེ་ ཀོ་བཱན་གྱིས་ གེ་ཟ་དང་ ཚོད་བསྲེ་ དངུལ་གྱི་རྒྱན་ཆ་ ལག་བཟོ་དང་ཤིང་ཆས་ཚུ་ རྒྱལ་ཡོངས་ཚོང་ཁང་ཚུ་ནང་ ཕྱིར་ཚོང་འབདཝ་མ་ཚད་ མེག་སི་ཀོ་ལུ་ ནོར་གསོན་པོ་ཚུ་ཡང་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་འདི་གི་ཐབས་བྱུས་ཅན་གྱི་ས་གནས་དང་ སྐྱེལ་འདྲེན་གྱི་མཐུད་ལམ་ཚུ་གིས་ ཚོང་འབྲེལ་གྱི་ལཱ་འདི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ ལུང་ཕྱོགས་འདི་ནང་ ཚོང་འབྲེལ་གྱི་མཐུན་འབྲེལ་གྱི་འགན་ཁུར་འདི་ བརྟན་ཏོག་ཏོ་བཟོཝ་ཨིན་མས། ཀོ་བཱན་གྱིས་ ལུང་ཕྱོགས་ཀྱི་ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ གསལ་སྟོན་འབད་མི་གོ་ལ་དང་ ཤིང་གི་ལཱ་ དེ་ལས་ དངུལ་གྱི་ལག་བཟོ་ཚུ་ བཟོ་སྐྲུན་འབད་མི་ ལག་བཟོའི་ལས་སྡེ་ཅིག་ལུ་ བསྟོད་པ་རྐྱབ་དོ་ཡོདཔ་ཨིན། ཐོན་སྐྱེད་འདི་ཚུ་གིས་ ས་གནས་ཀྱི་ཚོང་ཁྲོམ་ཚུ་ལུ་ ཞབས་ཏོག་བྱིན་དོ་ཡོདཔ་མ་ཚད་ ལྟ་བཤལཔ་དང་ བསྡུ་གསོག་འབད་མི་ཚུ་ཡང་ འོང་བཅུག་དོ་ཡོདཔ་ཨིན་མས། ད་རུང་ བཟའ་འཐུང་གི་མར་ཁུ་ཐོན་སྐྱེད་ཀྱི་དོན་ལུ་ ཨཕ་རི་ཀའི་ ཐང་ཆུ་འཛུགས་སྐྱོང་འབད་ནི་འདི་ ནང་འཁོད་ཀྱི་དགོས་མཁོ་དང་ ཕྱིར་ཚོང་གི་གོ་སྐབས་གཉིས་ཆ་ར་ གྲུབ་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ ཡར་འཕར་འགྱོ་བའི་བསྒང་ཡོད་མི་ བཟོ་གྲྭ་ཅིག་སྦེ་ ཐོན་ཏེ་ཡོདཔ་ཨིན། (ཝི་ཀི་པི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག།

ཀོ་བཱན་གྱིས་ དཔལ་འབྱོར་འདི་ མི་རློབས་ཡར་སེང་དང་ ཁྲོམ་ཚོགས་གོང་འཕེལ་གྱི་དབང་གིས་ ཡར་འཕར་འགྱོ་དོ་ཡོདཔ་ཨིན། དེ་འབདཝ་ད་ གདོང་ལེན་ཚུ་ ད་ལྟོ་ཡང་འབྱུང་བཞིན་དུ་ཡོདཔ་ཨིན། ཁྲོམ་སྡེ་འདི་ མ་རྩ་བཙུགས་པའི་སྐབས་ དཔལ་འབྱོར་གྱི་ལས་སྣ་ཚུ་ལུ་རྒྱབ་སྐྱོར་འབད་ནི་དང་ མ་རྩ་བཙུགས་ནིའི་དོན་ལུ་ གོང་འཕེལ་གྱི་ལཱ་ཚུ་ ཧེང་སྐལ་ར་འབད་དགོ་པའི་ཁར་ སོ་ནམ་པ་ཆུང་ཀུ་ཚུ་གིས་ འཕྲལ་འཕྲལ་ར་ ཁྲོམ་ཁར་འཛུལ་སྤྱོད་འབད་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ འོང་འབབ་ཀྱི་འོས་འབབ་འདི་ ཚད་འཛིན་འབད་དོ་ཡོདཔ་ཨིན་མས། དེ་མ་ཚད་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ཚ་གྱང་ཡང་ ནགས་ཚལ་མེདཔ་བཏང་མི་དང་ ས་ཆ་ཉམས་རྒུད་འགྱོ་མི་འདི་གིས་ ཡུན་བརྟན་གྱི་སོ་ནམ་གྱི་ལཱ་ཚུ་ལུ་ ཉེན་ཁ་ཡོདཔ་ཨིན་མས། འདི་བཟུམ་གྱི་གདོང་ལེན་ཚུ་བསལ་ནི་འདི་ ཀོ་བཱན་ལུ་ ཡུན་རིང་གི་དཔལ་འབྱོར་གྱི་ལྕོགས་གྲུབ་དང་ བཅའ་མར་གཏོགས་ཚུགས་པའི་ གོང་འཕེལ་གྱི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན།

ཀོ་བཱན་འདི་ གུ་ཝ་ཊི་མ་ལ་གི་ལམ་སྲོལ་ཕྱུགཔོ་དང་ བྱུང་རབས་མགུ་རྙོག་དྲགས་ཡོད་མི་ལུ་ བདེན་ཁུངས་ཅིག་སྦེ་ལུས་ཏེ་ཡོདཔ་ཨིན། མི་རློབས་མ་འདྲཝ་དང་ ལམ་སྲོལ་སྣ་ཚོགས་ དེ་ལས་ དཔལ་འབྱོར་གྱི་ལས་སྣ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཁག་ཆེཝ་སྦེ་བཟོཝ་ཨིན། ཀོ་བཱན་གྱི་དཔལ་འབྱོར་འདི་ སྔར་སྲོལ་གྱི་སོ་ནམ་དང་ ཡར་རྒྱས་འགྱོ་བའི་ཚོང་འབྲེལ་ དེ་ལས་ ལག་བཟོའི་རིགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། གདོང་ལེན་ལ་ལུ་ཅིག་ཡོད་རུང་ གོང་འཕེལ་གྱི་ལཱ་འབད་བའི་བསྒང་ཡོད་མི་དང་ གུ་ཝ་ཊི་མ་ལ་གི་ས་ཁ་མཐོ་ས་ནང་ལུ་ ཐབས་བྱུས་ཀྱི་གནས་རིམ་འདི་གིས་ ཀོ་བཱན་ཁྲོམ་སྡེ་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས་ནང་ལུ་ ཁག་ཆེ་བའི་ཕན་ཐོགས་བྱུང་མི་ཅིག་སྦེ་བཞག་སྟེ་ཡོདཔ་ཨིན། ཁྲོམ་སྡེའི་གདོང་ལེན་ཚུ་སེལ་ཐབས་ལུ་ ཡུན་བརྟན་གོང་འཕེལ་དང་ མི་སྡེ་འདྲ་མཉམ་གྱི་དོན་ལུ་ གཞུང་དང་ཞི་བའི་མི་སྡེ་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ བརྩོན་ཤུགས་བསྐྱེད་དགོཔ་འདུག།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. Weather Spark. (2025). Climate and Average Weather Year Round in Coban, Guatemala. Published by: Weather Spark. Retrieved from: https://weatherspark.com/y/11722/Average-Weather-in-Cob%C3%A1n-Guatemala- Year-Round
  2. Wikipedia. (2025). Coban. Published by: Creative Commons. Retrieved from:             https://en.wikipedia.org/wiki/Cob%C3%A1n
  3. Earthquakes in Central America. (2025). Economic Activity. Published by: Satcaweb.org. Retrieved from https://www.satcaweb.org/coban/
"https://dz.wikipedia.org/w/index.php?title=ཀོ་བཱན།_Coban&oldid=39574" ལས་ སླར་འདྲེན་འབད་ཡོདཔ།